当前位置:首页甘南贴吧综合信息 ནོར་རྫས་ལ་སྙིང་པོ་ལེན་ཚུལ་བརྗོད་པ།

[综合信息]ནོར་རྫས་ལ་སྙིང་པོ་ལེན་ཚུལ་བརྗོད་པ།精华置顶

人气:6831 回复:0 赞(0)
甘南州信息网
初级1
版主
  • 帖子:20
  • 精华:10
  • 注册:2011-03-26

ནོར་རྫས་ལ་སྙིང་པོ་ལེན་ཚུལ་བརྗོད་པ།

1.jpg

མཁན་པོ་ཚུལ་ཁྲིམས་བློ་གྲོས།

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དེང་སང་རང་རེ་བོད་ཀྱིས་ནོར་རྫས་ལོངས་སྤྱོད་ཚུལ་གྱི་སྐོར་ལ་སྐྱོན་གྱི་ཆ་མི་ཉུང་བ་ཞིག་གནས་ཡོད་ཅིང་། སྐྱོན་དེ་དག་གིས་བོད་ཀྱི་འཚོ་བར་མ་ཟད་རིག་གནས་དང་ཁོར་ཡུག་དང་མ་འོངས་པའི་མདུན་ལམ་སོགས་ལའང་ངན་རྐྱེན་ཚབས་ཆེན་ཐེབས་ཀྱིན་འདུག་པས་ཀུན་ཀྱིས་དོ་གལ་ཆེན་པོར་བཟུང་ནས་བསྒྱུར་བཅོས་ཤིག་མི་བྱ་ཐབས་མེད་ཡིན་ནོ། །དེ་ཡང་ཐོག་མར་བསྒྱུར་བཅོས་བྱ་དགོས་པ་ནི། དོན་མེད་ཀྱི་འགྲོ་སོང་གི་སྐོར་ཡིན་ཏེ། དོན་མེད་ཀྱི་འགྲོ་སོང་ཞེས་པ་གང་ཞེ་ན། ཚེ་འདི་ལའང་ཕན་པ་མེད་ཅིང་། ཚེ་ཕྱི་མར་ཡང་ཕན་པ་ཅི་ཡང་མེད་པའི་འགྲོ་སོང་དག་ཡིན་ཏེ། དཔེར་ན། སྔ་སོར་གོས་ཀྱི་མཐའ་ལ་ཧ་ཅང་རིན་གོང་ཆེན་པོ་ཅན་གྱི་གཅན་གཟན་གྱི་པགས་པ་སྦྱར་བ་དང་། ད་ལྟའང་གཡུ་དང་བྱུ་རུ་སོགས་རྡོ་རིགས་ཤིན་ཏུ་མང་པོ་དང་ཆེན་པོ་རྣམས་དང་། གསེར་གྱི་ཐག་པ་སོགས་སྐེ་ལ་བཏགས་ནས་རྫིག་མདོག་བྱེད་པ་དང་། ཁང་སྟོང་ཆེན་པོ་དང་ཀ་བ་གདུང་མ་སྦོམ་པོ་བསྒྲིགས་ནས་ཤོམ་ར་ཕུད་པ་ལྟ་བུ་ཡིན་ནོ། །དེ་དག་ལས་གཅན་གཟན་པགས་པའི་ཐད་ལ་མང་པོ་བརྗོད་མི་དགོས་ཏེ། ད་ལྟ་རང་ཅག་ཐམས་ཅད་ཀྱིས་འདི་ལ་ཚེ་འདི་ཕྱི་གཉིས་ཀར་དོན་ཅི་ཡང་མེད་པར་མ་ཟད་རང་གཞན་གཉིས་ཀ་ལ་གནོད་པ་ཆེན་པོ་ཡོད་པར་ཤེས་ནས་བོད་མཐའ་དབུས་མེད་པ་རྨོངས་པའི་གཉིད་ལས་སད་ཟིན་པའི་ཕྱིར་རོ། །

འོན་ཀྱང་ད་དུང་གཡུ་དང་བྱུ་རུ་ཞེས་རྡོ་རིགས་དང་རྒྱ་མཚོའི་ནང་གི་སྲོག་ཆགས་ཀྱི་རུས་པ་སོགས་དང་། གསེར་གྱི་ཐག་པ་སྦོམ་པོ་དང་ཆེན་པོ་དག་སྐེ་ལ་བཏགས་ནས་མི་མང་གི་ཁྲོད་དུ་ཤོམ་ར་ཕུད་ཅིང་། དེས་རང་ཉིད་ཀྱི་ཐོབ་ཐང་མཚོན་པར་རློམ་ནས་གཡར་མོ་ཚུན་ཆད་ཀྱིས་རྫིག་མདོག་བྱེད་པ་སོགས་བླུན་རྟགས་མང་པོ་སྟོན་བཞིན་ཡོད་པས་འདི་ལ་བསྒྱུར་བཅོས་བྱ་དགོས། གཡུ་དང་བྱུ་རུ་སོགས་འདི་དག་རང་ཅག་གི་བློས་སྒྲོ་བཏགས་ནས་འདི་བཟང་པོ་ཡིན། དེའི་ཕྱིར་ན་རྒྱན་ཆར་འོས་སྙམ་དུ་བསམ་པ་ཡིན་གྱི། དོན་ལ་ངོ་བོ་ ཉིད་ཀྱིས་བཟང་རྒྱུ་ཅི་ཡང་མེད། གལ་ཏེ་བཟང་པོ་ཡིན་དུ་ཆུག་ཀྱང་བཟང་པོ་ཡིན་ཚད་སྐེ་དང་ཡན་ལག་ལ་བཏགས་ཅི་ལ་དགོས། བཏགས་ཀྱང་ཅི་ཞིག་ཕན། ཁྱད་པར་དུ་བྱུ་རུ་ཆེན་པོ་དང་མང་པོ་སྐེ་ལ་བཏགས་པ་འདི་རང་རེ་བོད་ཀྱི་མིག་ལ་མཛེས་པ་དང་ཡིད་ལ་འབབ་པ་ཡིན་གྱི། མི་རིགས་གཞན་དག་གིས་མཐོང་ན་མཛེས་པར་མི་སེམས་པར་མ་ཟད་གླེན་རྟགས་ཤིག་ཏུ་མཐོང་ཡང་སྲིད་ལ། རང་ཅག་བོད་ཀྱིས་ཀྱང་ད་སྔོན་མ་ཤེས་པའི་དབང་གིས་མཛེས་པར་རློམ་པ་ཡིན་ཡང་། ད་ལེགས་པར་བརྟགས་ན་དོན་མེད་ཡིན་པ་དང་མི་མཛེས་པར་ཡང་ཤེས་སླ་སྟེ། སྔོན་གཅན་གཟན་པགས་པས་གོས་ཀྱི་མཐའ་སྐོར་བྱེད་པ་དང་འདི་རྣམས་ཕལ་ཆེར་ངང་ཚུལ་གཅིག་པ་ཡིན་པའི་ཕྱིར་རོ། །གསེར་ནི་མི་ཐམས་ཅད་ཀྱིས་རིན་གོང་ཆེན་པོ་ཉིད་དུ་འཛིན་པ་ཡིན་མོད། འོན་ཀྱང་གསེར་གྱི་ཨ་ལོང་དང་སོར་གདུབ་སོགས་ཅི་འདྲའི་མང་པོ་ལུས་ལ་བཏགས་ཀྱང་དེས་ཕན་པ་ནི་ཅི་ཡང་མེད་པ་ཀུན་ཀྱིས་ཤེས་པ་དེར་ཟད། ཕན་པ་མེད་ཕྱིན་དེ་འདྲའི་རིན་གོང་ཆེན་པོའི་དངོས་པོ་དག་དོན་མེད་དུ་ལུས་ལ་བཏགས་ནས་འཕྲོ་བརླག་བྱེད་པ་ནི་རང་ཅག་ལ་ཤིན་ཏུ་མི་འཚམས་ཏེ། ད་དུང་རང་རེའི་དཔལ་འབྱོར་རྗེས་ལུས་ཡིན་པས་རྩ་བའི་འཚོ་བ་ལའང་དཀའ་ངལ་ཤིན་ཏུ་མང་པོ་གནས་ཡོད་པས་དོན་ཅི་ཡང་མེད་པའི་དངོས་པོ་ལ་རིན་གོང་ཆེན་པོ་བྱིན་ནས་ལུས་ལ་འདོགས་པའི་ས་ཚད་ལ་གཏན་ནས་སླེབས་མེད་པའི་ཕྱིར་རོ། །ཁང་པའི་ནང་དུ་སྡོད་མཁན་ཞིག་ཡིན་ཕྱིན་སྡོད་ཁང་སྤུས་ལེགས་ཤིག་ཡོད་པ་ནི་མི་རྣམས་ཀྱི་རེ་སྨོན་ཡིན་ལ་དགོས་པའང་ཡིན་མོད། བེད་མེད་ཀྱི་ཁང་སྟོང་ཆེན་པོ་རེ་བསྐྲུན་ནས་དེའི་ཀ་བ་དང་གདུང་མ་དག་དགོན་པའི་འདུ་ཁང་ཆེན་པོ་རྣམས་ཀྱི་ཀ་གདུང་ལས་ཀྱང་སྦོམ་པ་ཙམ་རེ་བྱས་ཤིང་དེ་ཉིད་ཀྱིས་ཁྱིམ་ཚང་དེ་ཁྱིམ་ཆེན་དང་ཕྱུག་པོ་སོགས་ཡིན་པར་མཚོན་ནོ་སྙམ་དུ་རློམ་པ་ནི་བླུན་པོ་རྣམས་ཀྱི་བསམ་ཚུལ་ཁོ་ན་ཡིན་གྱི། དོན་གྱི་ཐོག་ནས་ཕན་པ་ཅི་ཡང་མེད་དོ། །དེ་ལྟར་དོན་མེད་ཀྱི་འགྲོ་སོང་འདི་རྣམས་ཀྱིས་སྤྱིར་རང་རེའི་དཔལ་འབྱོར་རྗེས་ལུས་ཡིན་པའི་སྟེང་དུ་དཀའ་ངལ་ལྷག་པོ་ཇེ་མང་དུ་བཏང་བ་ཙམ་ལས་ཅི་ཡང་མི་འདུག་གོ །འོ་ན་ཇི་ལྟར་བྱ་དགོས་ཤེ་ན། འདི་ལ་གསུམ་སྟེ། 

དང་པོ་ནི། ནོར་རྫས་མང་ཉུང་ཇི་ལྟ་བུ་ཞིག་ཡོད་ཀྱང་རུང་སྟེ། ཐོག་མར་རང་ཉིད་ཀྱི་ཟས་གོས་གནས་མལ་སོགས་རྩ་བའི་འཚོ་ཆས་མེད་དུ་མི་རུང་བའི་སྐོར་རྣམས་བསྒྲུབ་པར་བྱ་རྒྱུ་ཡིན་པ་ནི་སྨོས་མ་དགོས་ཏེ། དེ་རྣམས་མེད་ན་འཚོ་ཐབས་མེད་པའི་ཕྱིར་རོ། །འོན་ཀྱང་དེ་རྣམས་མིའི་འཚོ་བ་ལ་ཉེ་བར་མཁོ་ངེས་ཙམ་ཞིག་ལས་གཞན་དགོས་མེད་ཀྱི་རྒྱས་སྤྲོས་མང་པོ་བྱེད་པ་ལ་ནི་སྙིང་པོ་མེད་ཅིང་། དགོས་མེད་ཀྱི་རྒྱས་སྤྲོས་དེ་དག་གིས་དངོས་སུ་ནོར་རྫས་མང་པོ་འཕྲོ་བརླག་ཏུ་གཏོང་ཞིང་། བརྒྱུད་ནས་དེ་རྣམས་འཚོལ་བསྒྲུབ་ཀྱི་སྐབས་སུ་རྐུ་འཕྲོག་གཡོ་སྒྱུ་སོགས་ཐབས་སྣ་ཚོགས་སྤྱད་ནས་སྤྱི་ཚོགས་བདེ་འཇགས་ལ་གནོད་པར་བྱེད་པ་དང་། དེར་མ་ཟད་རང་སྒེར་གྱི་ལུས་སྲོག་དང་ཁོར་ཡུག་དང་སྲོག་ཆགས་སོགས་ལའང་གནོད་པ་མང་པོ་འབྱུང་བས་རན་ཙམ་བྱེད་ཤེས་པ་འདི་ཤིན་ཏུ་གལ་ཆེ་སྟེ། སངས་རྒྱས་ཤཱཀྱ་ཐུབ་པས་འདོད་ཆུང་ཆོག་ཤེས་བྱེད་དགོས་ཞེས་གསུངས་པ་དེའང་ཟས་བཟའ་རྒྱུ་མེད་པ་དང་གོས་གྱོན་རྒྱུ་མེད་པ་ཞིག་བྱེད་དགོས་ཞེས་གསུངས་པ་ག་ལ་ཡིན། དགོས་མེད་ཀྱི་གསོག་འཇོག་མང་པོ་བྱེད་མི་རུང་ཞེས་གསུངས་པ་ཡིན་པས་འདི་ནི་མིའི་རིགས་ཀྱི་འཚོ་བ་སྐྱེལ་ཚུལ་གྱི་རྩ་དོན་གལ་གནད་ཅན་ཞིག་ཡིན་པ་དེང་གི་དུས་སུ་ཇེ་བས་ཇེ་གསལ་དུ་འགྲོ་བཞིན་པ་ཡིན་ལ། རྩ་དོན་འདི་ལ་དོ་སྣང་མ་བྱས་ན་དུས་རབས་འདིའི་སྨད་ཙམ་ནས་མི་རྣམས་ཀྱི་འཚོ་ཐབས་ཤིན་ཏུ་དཀའ་བའི་གནས་སུ་འགྱུར་བ་ཡིན་ནོ། །

གཉིས་པ་ནི། རྩ་བའི་འཚོ་རྐྱེན་དེའི་ཐོག་ཏུ་ད་དུང་ནོར་རྫས་ཅུང་ཟད་ཡོད་ན། སྔོན་གཅན་གཟན་གྱི་པགས་པ་དང་ད་ལྟ་གསེར་དངུལ་གཡུ་བྱུར་སོགས་དགོས་མེད་ཀྱི་འགྲོ་གྲོན་དེ་རྣམས་དུག་ཅན་གྱི་ཟས་བཞིན་དུ་བོར་ནས་དེའི་ཚབ་ཏུ་ད་ནས་བཟུང་བུ་ཕྲུག་རྣམས་ཀྱི་སློབ་སྦྱོང་གི་ཆེད་དུ་གཏོང་དགོས། འདི་ནི་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། སློབ་སྦྱོང་མ་བྱས་ན་ཡོན་ཏན་གང་ཡང་རྒྱུད་ལ་མི་འབྱུང་། ཡོན་ཏན་མེད་ན་ཕྱི་རོལ་ལུས་ལ་རྒྱན་ཆ་ཇི་ལྟར་བཏགས་ཀྱང་དུད་འགྲོ་རྟ་དང་གླང་པོ་ཆེ་སོགས་རྒྱན་གྱིས་བརྒྱན་པར་བྱས་པ་དང་འདྲ་བས་དོན་ཅི་ཡང་མེད་པའི་ཁར་ངོ་ཚ་བའི་གནས་ཀྱང་ཡིན། བུ་ཕྲུག་རྣམས་ལ་སློབ་སྦྱོང་བྱ་བའི་གོ་སྐབས་ཕ་མ་རྣམས་ཀྱིས་ངེས་པར་དུ་བཙལ་བར་བྱ་དགོས། འདི་ནི་ཕ་མ་རྣམས་ཀྱི་རྩ་བའི་འོས་འགན་ཡིན་མོད། འོན་ཀྱང་རང་ཅག་གིས་བུ་མོ་རྣམས་མིང་གྲགས་དང་ཐོབ་ཅུང་ཟད་རེ་ཡོད་པའི་ཁྱིམ་དུ་མནའ་མར་གཏོང་ས་ཨེ་རྙེད་ལྟ། བུ་རྣམས་ཕྱུག་པོ་རེའི་གཞི་ཐོག་ཏུ་གཞག་ས་ཡོད་མེད་བལྟ་བ་ལས་དེ་རྣམས་ལ་རིག་གནས་སློབ་པའི་གོ་སྐབས་མི་སྤྲོད་པ་ནི་ཕ་མ་དག་གིས་བུ་ཕྲུག་རྣམས་ལ་མི་ཚེ་གང་པོར་མཇུག་རྫོགས་རྒྱུ་མེད་པའི་གནོད་པ་རི་རབ་ཙམ་ཞིག་བསྐྱལ་བ་ཡིན། དེར་མ་ཟད་བུ་ཕྲུག་མང་པོ་བསྐྱེད་ནས་གཅིག་ལའང་སློབ་སྦྱོང་བྱེད་དུ་མི་འཇུག་པ་འདིས་བོད་མི་རིགས་དང་སྤྱི་ཚོགས་ལའང་གནོད་ཚབས་ཧ་ཅང་ཆེན་པོ་བསྐྱལ་བ་ཡིན་ཏེ། འདི་འདྲའི་ཕ་མ་ཇི་ལྟར་མང་བ་དེ་ལྟར་བོད་མི་རིགས་ཡོངས་རྫོགས་རིག་གནས་དང་དཔལ་འབྱོར་སོགས་གང་ཐད་ནས་རྗེས་ལུས་སུ་འགྱུར་བ་ཡིན་པའི་ཕྱིར་རོ། །

དངོས་གནས་ཡིན་ན། ཟས་གོས་ཀྱི་ནང་ནས་ཀྱང་ཕྲིས་ཏེ་བུ་ཕྲུག་ལ་སློབ་སྦྱོང་བྱེད་པའི་ཆ་རྐྱེན་བྱ་དགོས་པ་ཡིན་མོད། དེ་ཙམ་མ་ནུས་ཀྱང་ཟས་གོས་འདང་ཙམ་ཡོད་ཕྱིན་ནས་འདི་ལ་ངེས་པར་བརྩོན་པར་བྱ་དགོས་ཏེ། མི་རིགས་གཅིག་གི་ད་ལྟ་དང་མ་འོངས་པའི་བདེ་སྡུག་ལེགས་ཉེས་ཐམས་ཅད་སློབ་གསོ་ལ་རག་ལས་པ་ཡིན་ཏེ། མི་རིགས་གང་ལ་སློབ་གསོ་མེད་ན་མི་རིགས་དེ་མ་རུངས་དམུ་རྒོད་དང་། ཤེས་མེད་བླུན་པོ་དང་། དབུལ་པོ་ནུས་མེད་ཅིག་ཏུ་གྱུར་ནས་གཞན་རྣམས་ཀྱིས་མཐོང་ཆུང་དང་བརྙས་བཅོས་ཁྱད་གསོད་ཀྱི་ཡུལ་དུ་འགྱུར་ཞིང་། འཛམ་གླིང་གི་སྔོན་ཐོན་མི་རིགས་ཀྱི་གྲལ་དུ་ནམ་ཡང་མི་ཐོན་པས་སྲོག་དང་བྲལ་བའི་རོ་བཞིན་དུ་ལུས་པར་འགྱུར་རོ། །ངོས་ཟིན་འདིའི་ཕྱོགས་ལ་རང་རེའི་བསམ་བློ་སྔར་ནས་ཤིན་ཏུ་རྗེས་ལུས་ཡིན་པར་མ་ཟད། ད་དུང་ཡང་བསྒྱུར་བཅོས་བྱེད་ཐུབ་མི་འདུག་ཀྱང་། སླད་ནས་ཕ་མ་བྱེད་པ་རྣམས་ཀྱིས་བསམ་བློ་ཞིབ་པར་བཏང་སྟེ། ངེས་པར་དུ་བསྒྱུར་བཅོས་ལེགས་པོ་ཞིག་མི་བྱེད་ཐབས་མེད་ཡིན་ནོ། །

གསུམ་པ་ནི། གོང་གི་བྱ་བ་དེ་གཉིས་བསྒྲུབས་པའི་ཐོག་ཏུ་ད་དུང་ནོར་རྫས་ཡོད་ན། ཆོས་ཕྱོགས་སུ་གཏོང་དགོས་ཏེ། དེས་རང་གཞན་གཉིས་ཀ་ལ་ཚེ་འདི་ཕྱི་ཀུན་ཏུ་ཕན་པ་གདོན་མི་ཟ་བར་འབྱུང་བའི་ཕྱིར་རོ། །དེ་ཡང་ཆོས་ཕྱོགས་སུ་གཏོང་ཞེས་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁྱིམ་པ་རྣམས་ཀྱིས་ཟང་ཟིང་གི་སྦྱིན་པ་བྱ་བར་བསྔགས་པ་མང་པོ་གནང་ཡོད་པས་མི་སྤྱི་ལ་ཕན་པའི་སློབ་གྲྭ་དང་། སྨན་ཁང་དང་། རྒན་བཀུར་ཁང་སོགས་དགེ་བའི་བསམ་པས་འཛུགས་པ་དང་། ཁོར་ཡུག་དང་སེམས་ཅན་གྱི་ལུས་སྲོག་བསྲུང་བའི་ཞི་བདེའི་བྱ་བ་དག་ལ་རོགས་སྐྱོར་གྱི་ཐེབས་རྩ་གཞག་པ་དང་། དཀོན་མཆོག་གསུམ་ལ་མཆོད་འབུལ་བྱེད་པ་དང་། དབུལ་པོ་དང་འཇིགས་པ་སྣ་ཚོགས་ཀྱིས་ཉེན་པའི་མི་རྣམས་ལ་རྒུད་སྐྱོབས་བྱིན་པ་སོགས་འབྱོར་བས་ཐེག་ཚད་རེ་བྱས་ན་དེས་ནོར་རྫས་ཀྱི་སྙིང་པོ་ལོན་པར་གྱུར་པ་ཡིན་ཏེ། ཚེ་འདིར་རང་གཞན་གཉིས་ཀ་ལ་ཕན། ཚེ་ཕྱི་མར་བསོད་ནམས་ཀྱི་འབྲས་བུ་ཡིད་དུ་འོང་བ་འབྱུང་བར་འགྱུར་བའི་ཕྱིར་རོ། །གོང་གི་དེ་གསུམ་པོ་གང་ལའང་མི་ཕན་པའི་ནོར་རྫས་མང་པོ་གསོག་འཇོག་བྱས་ནས་མ་ཤིའི་བར་དུ་བློས་མི་ཐོང་བ་རྣམས་ལ་ནི་སྙིང་པོ་ཏིལ་འབྲུ་ཙམ་ཡང་མེད་དེ་གསོག་བསྲུང་སྤེལ་བའི་ངལ་བ་དང་། མི་དགེ་བ་སྣ་ཚོགས་པ་སྐྱེད་པའི་རྒྱུ་ཙམ་དུ་ཟད་དོ། །

དེང་སང་རང་རེ་བོད་རྣམས་ཕྱིའི་དཔལ་འབྱོར་གྱི་ཆ་ནས་དབུལ་པོ་ཡིན་མོད། འོན་ཀྱང་ནོར་རྫས་འཚོལ་སྒྲུབ་བྱེད་པ་ནའང་ཆོས་མཐུན་ལུགས་མཐུན་གྱི་སྒོ་ནས་བཙལ་བར་བྱ་ཞིང་། དེ་ལ་ལོངས་སུ་སྤྱོད་པའི་ཚེ་ནའང་ཆོས་མཐུན་ལུགས་མཐུན་ཞིག་བྱ་རྒྱུ་ནི་ཅིས་ཀྱང་གལ་ཆེ་སྟེ། དེ་ལྟར་བྱས་ན་ནོར་རྫས་ཆེ་ཆུང་ངམ་མང་ཉུང་ལ་མ་ལྟོས་པར་བདོག་པ་ཐམས་ཅད་དོན་དང་ལྡན་པ་ཞིག་ཏུ་འགྱུར་བ་ཡིན་ནོ། །

楼主 2017/12/15 12:01:49  超级管理 编辑 删除
没有找到符合条件的信息

我要回复

该帖已关闭回复

承诺遵守文明发帖,国家相关法律法规